༈ ཡང་བཀྲ་ཤིས་བྱས་ནས་བཞག་ཆོག་ ཟེར་བ་ཇི་ལྟར་ལགས། ཞེས་པ་ལ་ལན་ནི། མཚམས་གྲོལ་ནས་ཀྱང་ད་དུང་རེ་ཞིག་ཉིན་དེ་བཞིན་བསྒོམ་བཟླས་དང་གཏོར་འབུལ་གྱི་རྒྱུན་སྐྱོང་ན་བྲིས་སྐུ་དང་མཆོད་གཏོར་རྣམས་བཞག་ཆོག་ཅིང། དེ་འདྲའི་ངེས་པ་ མེད་ན་བསྙེན་ཡིག་འདུས་པའི་རྒྱན་ལས། བསྙེན་མཚམས་གྲོལ་ནས་མཆོད་གཏོར་རྣམས་བྱིན་རླབས་ཀྱི་ཚུལ་དུ་རང་གིས་ལོངས་སྤྱོད་པ་དང། གྲོགས་དམ་ཚིག་ཅན་གཞན་ལ་སྦྱིན་དུ་རུང་གི། ཁྱི་དང་སློང་མོ་བ་དང་ དམ་ཚིག་མི་གཙང་བའི་རིགས་ལ་གཏན་ནས་མི་སྦྱིན་ཞིང། རང་གིས་ལོངས་མི་སྤྱོད་ན་ཆུ་གཙང་ལ་གཤེགས། ཡི་དམ་གྱི་བྲིས་སྐུ་དང། ཀ་པཱ་ལ་དང། རྡོར་དྲིལ་དང། བགྲང་འཕྲེང་དང། སྣ་ཚོགས་རྡོ་རྗེའི་སྟན་ [082A]༄༅། །སོགས་དམ་ཚིག་གི་རྫས་རྣམས་དབང་མ་ཐོབ་པ་དང་དམ་ཚིག་མི་གཙང་བའི་རིགས་ལ་མི་བསྟན་པར་སྦ་བར་བྱའོ། །ཞེས་གསུངས་པ་ལྟར་བྱ་བ་ཡིན་གྱི་གཏོར་མ་དང་དཀྱིལ་ཐང་ སོགས་ལ་ཆེད་གཉེར་གྱི་བསྒུལ་བསྐྱོད་གཏོང་དགོས་ཟེར་བ་ལ། མཁས་འདོད་ཐལ་བས་བླུན་པོའི་རང་རྟགས་སྟོན་པ་ཙམ་མ་གཏོགས་རྒྱུ་མཚན་ཡང་དག་པ་ཅི་ཡང་མ་མཐོང་ངོ། །དེ་ལྟར་བདག་ཉིད་མཚམས་ སྒང་དུ་སོང་གཤེས་ཐོས་བསམ་གྱི་བྱ་བ་གཞན་དང་གཞན་སྒྲུབ་དགོས་པ་དང། སྤྱིར་ལེ་ལོ་ཆེ་ཞིང་ལྷག་པར་ཡི་གེ་འདྲི་བ་ལ་ཤིན་ཏུ་འཚེར་བ་དང། ཡང་སྒོས་ཡ་སྲིན་གྱི་ནད་བབས་ལྕི་བ་སོགས་འདུག་ཀྱང་ སྐུ་ཉིད་དགོངས་པ་ཁྲེལ་དོགས་ད་ལམ་ཉག་རྐྱང་དཀའ་བ་ཁུར་དུ་བཟོད་པར་བྱས་ཏེ། རང་གིས་གང་ཤེས་ཡིག་ལམ་དུ་བསྟར་ཏེ་ཕུལ་ཡོད་པས་གང་མཁྱེན་ཉམས་ལེན་གྱི་ཐོག་ཏུ་བསྒྲིལ་ཏེ་ཐོས་པ་དོན་དང་ལྡན་ པ་ཞིག་མཛད་འཚལ་ཞིང། གཟིགས་རྟེན་དམ་རྫས་བཅས་ཚེས་བཟང་པོར་ཕུལ་